བོད་བརྒྱུད་ནང་བསྟན་གྱི་འཛམ་གླིང་རྒྱལ་ཡོངས་ཤུགས་ལྡན་ཚོགས་ཆེན་ཐེངས་དང་པོར་ཐེ་ལན་ཌ་ནང་ཚོགས་ནས་ཆོས་དད་རང་མོས་སྐོར་ལ་བགྲོ་གླེང་གནང་འདུག །

བྱང་ཨ་རིའི་དགེ་ལྡན་སྙན་བརྒྱུད་འཛིན་སྐྱོང་ཚོགས་པས་གོ་སྒྲིག་འོག་འཛམ་གླིང་རྒྱལ་ཡོངས་ཤུགས་ལྡན་ཚོགས་ཆེན་ཐེངས་དང་པོ་༢༠༡༦ལོའི་ཟླ་༤པའི་ཚེས་༢ ནས་ཚེས་༣་བར་ནང་པའི་རྒྱལ་ཁབ་ཐེ་ལན་ཌ་ནང་ཚོགས་པ་རེད། །ཨ་རི། །ཁ་ན་ཌ། །ཧྥ་རན་སི།སུད་སི་དང་།རྒྱ་ནག་སྐམ་ས་ཆེན་པོའི་མཚོ་སྔོན། །སི་ཁྲོན། །ཡོན་ནན་བཅས་ནས་ཕེབས་པའི་འཐུས་མི་༢༠ ་ལྷག་ཙམ་མཉམ་ཞུགས་གནང་འདུག །

བསྟན་སྲུང་རྡོ་རྗེ་ཤུགས་ལྡན་ནི་རི་བོ་དགེ་ལྡན་པས་མི་ལོ་བརྒྱ་ཕྲག་དུ་མའི་རིང་བསྟེན་གསོལ་མཛད་པའི་ཆོས་སྐྱོང་སྲུང་མ་ཞིག་རེད། །བོད་པའི་སྤྱི་ཚོགས་ནང་ཆོས་སྐྱོང་བསྟེན་མཁན་མང་པོ་ཡོད་པ་རེད། །བཤད་སྲོལ་ལ་ཤུགས་ལྡན་བསྟེན་ན་གདན་ས་དང་ཆོས་བརྒྱུད་ལ་བར་ཆད་མི་ཡོང་ཟེར། ༡༩༩༦ལོར་རྡ་སར་བཞུགས་པའི་བོད་བསྟན་སྲིད་གཉིས་ཀྱི་དབུ་ཁྲིད་རྒྱལ་བ་རིན་པོ་ཆེས་གློ་བུར་དུ་དོལ་རྒྱལ་བསྟེན་ན་ཁོང་གི་སྐུ་ཕྱྭ་དང་བོད་སྤྱི་པའི་རྩ་དོན་ལ་གནོད་པ་རེད་ཟེར་ནས། །རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བཀག་པ་རེད། །དེས་བོད་པའི་སྤྱི་ཚོགས་ནང་གླེང་ཤུགས་ཆེན་པོ་བྱུང་འདུག བོད་སེར་སྐྱ་མང་ཚོགས་ཀྱིས་བདེན་པ་ར་སྤྲོད་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་པ་རེད། །

ཐེངས་འདིའི་འཛམ་གླིང་རྒྱལ་ཡོངས་ཤུགས་ལྡན་ཚོགས་ཆེན་སྐོང་དགོས་པའི་རྒྱུ་མཚན་ནི། །ཤུགས་ལྡན་གྱི་ཚོགས་པ་ཐོག་མ་སྟེ་དབུས་ལྷ་མི་སྲུང་སྐྱོང་ཚོགས་པ་དབུ་བརྙེས་ནས་ལོ༢༠་འཁོར་བར་རྗེས་དྲན་དང་། །མི་ལོ་༢༠་རིང་གི་བདེན་པ་ར་སྤྲོད་ལས་འགུལ་གྱི་ཉམས་མྱོང་ཕྱོགས་སྡོམ། །ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ནས་མུ་མཐུད་ཏཱ་ལའི་བླ་མ་ལ་ཁ་གཏད་གདོང་ལེན་བཅས་ཀྱི་ཆེད་དུ་ཡིན་གསུང་འདུག །

ཚོགས་ཆེན་ཐོག་འཐུས་མི་རྣམ་པས་ཆོས་དད་རང་མོས་ཀྱི་་ཡོངས་ཁྱབ་རིན་ཐང་གཞི་བཟུང་ནས། །ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་ལོ་རྒྱུས། །ཏཱ་ལའི་བླ་མས་བསྟེན་གསོལ་བཀག་དགོས་པའི་རྒྱུ་མཚན། །གནས་སྐབས་འཕྲད་པའི་དཀའ་ངལ་དང་ནང་ཁུལ་གྱི་གནད་དོན་བཅས་ལ་བགྲོ་གླེང་ལྷུག་པོ་གནང་འདུག་ལ། །ཇི་ལྟ་ཁ་གཏད་བྱེད་པ་དང་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཐད་གྲོས་མཐུན་བྱུང་ནས་གྲོས་ཆོད་ཀྱང་འཇོག་འདུག །

འཐུས་མི་ཡོངས་ཀྱི་མཐའ་གཅིག་ཏུ་ངོས་འཛིན་གནང་དོན་ལ། །ཕྱི་ལོ་༡༩༩༦ལོ་ནས་༢༠༡༦་ལོའི་བར་མི་ལོ་༢༠་ནང་། ། །ཏཱ་ལའི་བླ་མས་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་གྱི་ཆེད་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་གཞི་མེད་ཀྱི་མ་ཉེས་ཁག་གཡོགས་དང་བཀག་རྒྱ་བྱས་ཡོད་ཀྱང་། །ཆོས་བརྒྱུད་འདི་ཉིད་རྩ་མེད་བཏང་ཐུབ་མེད་པ་མ་ཟད། །ད་དུང་མཐུན་ལམ་ཇེ་དམ་དང་གྲ་ཇེ་རྒྱས་འགྲོ་བཞིན་ཡོད། །ཚོགས་ཞུགས་འཐུས་མི་དགེ་སྣ་པོ་རྒྱ་མཚོ་མཆོག་ནས་གསུངས་དོན། །བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་རང་གི་ཆབ་སྲིད་ཁེ་ཕན་གྱི་ཆེད་དུ་ནང་འཁྲུག་དང་དཀའ་ངལ་ཆེ་ཤོས་དེ་རྒྱལ་པོ་གླང་དར་མ་དང་ད་ལྟ་ཡི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་གནས་སྐབས་སུ་ཆགས་ཡོད། ། །ཏཱ་ལའི་བླ་མས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་ན་བོད་བསྟན་སྲིད་གཉིས་ལ་གྱོང་གུད་ཆེ་ཚུལ་གསུངས་འདུག །ངས་ལྟས་ན་ཆོས་སྐྱོང་བསྟེན་ནས་གྱོང་གང་ཡང་རག་ཡོད་པ་མ་རེད། །ཏཱ་ལའི་བཅུ་བཞི་པ་བྱུང་ནས་བཟུང་བོད་པ་བཀྲ་མི་ཤིས་པའི་འགོ་འཛུགས་པ་རེད། །བོད་གཞིས་བྱོས་གཉིས་ཆགས་དགོས་པ་ཏཱ་ལའི་བླ་མས་བཟོས་ཡོད། །བོད་ནང་ལ་དམ་ཚིག་གཙང་མིན་གྱི་རྩོད་པ་བཟོ་མཁན་ཏཱ་ལའི་བླ་མ་རེད། །ཆུ་བཞི་སྒང་དྲུག་གཉིས་བཟོ་མཁན་ཏཱ་ལའི་རེད། ། །གཞོན་ནུ་ལྷན་ཚོགས་གཉིས་བཟོ་མཁན་ཏཱ་ལའི་རེད། །དགའ་ལྡན་སོགས་གདན་ས་ཁག་གཉིས་སུ་བཟོ་མཁན་ཏཱ་ལའི་རེད། །དགེ་ལུགས་ནང་ཁུལ་གཉིས་སུ་བཟོ་མཁན་ཏཱ་ལའི་རེད། །ས་ཆ་གཅིག་ལ་འཇམ་དབྱངས་དགུན་ཆོས་ཆེན་པོ་གཉིས་ཚོགས་དགོས་པ་བཟོ་མཁན་ཏཱ་ལའི་རེད། །གྲྭ་པ་རྣམས་ལ་གནའ་སྐྱེལ་དམ་འབུལ་བྱེད་བཅུག་མཁན་ཏཱ་ལའི་རེད། །ཆོས་དང་ཟང་ཟིང་གི་འབྲེལ་བ་བཅོད་བཅུག་མཁན་ཏཱ་ལའི་རེད། །ཆབ་སྲིད་ཐོག་དབུ་མ་དང་རང་བཙན་གྱི་ལམ་ཕྱོགས་གཉིས་བཟོ་མཁན་ཏཱ་ལའི་རེད། །ཀརྨ་པ་གཉིས་དང་པན་ཆེན་ཡང་སྲིད་གཉིས་བཟོ་མཁན་ཏཱ་ལའི་རེད། །དེ་དག་ཐམས་ཅད་རྒྱལ་ཕུང་འབངས་གནོད་ཀྱི་ཏཱ་ལའི་བླ་མས་བཟོས་པ་ཁོ་ན་རེད།

མི་ལོ་ཉི་ཤུའི་རིང་ལ། །ཏཱ་ལའི་བླ་མས་ཤུགས་ལྡན་བསྟེན་གསོལ་བཀག་ནས་བོད་པའི་སྤྱི་ཚོགས་ནང་ལ་བརྡབ་གསིག་རྒྱ་ཆེ་པོ་ཕོག་ནས་རྒྱལ་ཆེན་ཤུགས་ལྡན་བསྟེན་མཁན་བོད་མི་སེར་སྐྱ་རྣམས་ལ་མཐོང་ཆུང་དང་སྨ་འབེབས། །ཐ་ན་མི་ཤི་རྒྱུ་བརླག་གི་སྡུག་བསྔལ་ཆེན་པོ་བཟོས་ཡོད། །དེའི་སྐོར་ལ་བདེ་ཆེན་སྤྲུལ་སྐུས་གསུང་དོན། །སྤྱི་ལོ་༢༠༠༨་ལོར་ཏཱ་ལའི་བླ་མས་འབྲས་སྤུངས་་བློ་གསལ་གླིང་གི་འདུ་ཁང་དབུ་འབྱེད་མཛད་སྒོ་ཐོག །དོལ་རྒྱལ་བསྟེན་མཁན་རྣམས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་གཅོད་དགོས་པའི་བཀའ་མོལ་ཡང་ཡང་བྱས། །ཡིད་དམ་དཔང་དུ་བཙུགས་ནས་གནའ་སྐྱེལ་དམ་འབུལ་དང་ས་ཡིག་བརྒྱག་བཅུག་པ་རེད། །དེ་ལ་བརྟེན་ནས་གདན་ས་ཁ་བྲལ་བཏང་ནས་དགེ་འདུན་དབྱིན་འབྱེད་དང་། །བཟའ་ཚང་དང་གྲོགས་པོ་གྲོགས་མོ་ཁ་བྲལ་གཏོང་བའི་མི་རིགས་དབྱེ་འབྱེད། །ཐ་ན་ཁོ་ཚོ་ཡི་སྨན་ཁང་དང་ཚོང་ཁང་ནང་ཡོང་མི་ཆོག་པའི་འགྲོ་བ་མིའི་ཐོ་ཐང་འཕྲོག་པའི་བྱ་སྤྱོད་དེ་ཚོ་ནི། །ཆོས་ཕྱོགས་ནས་བཤད་ན་ཆོས་འདུལ་བའི་བཅའ་ཁྲིམས་དང་འགལ་བ། །འཇིག་རྟེན་པའི་འགྲོ་ལུགས་ཀྱི་ཆ་ནས་བཤད་ན་འཛམ་གླིང་རྒྱལ་སྤྱིའི་རྩ་ཁྲིམས་དང་འགལ་བ་ཞིག་རེད། །དེ་བས་བློ་ཕངས་དགོས་པ་ནི་ཏཱ་ལའི་བླ་མའི་ངན་སྐུལ་གྱིས་བོད་ནང་ཆབ་སྲིད་ཀྱི་གོ་རྟོགས་གང་ཡང་མེད་པའི་གང་ཟག་ཁག་གཅིག་གིས་རང་ལུས་མེ་བསྲེགས་གཏོང་ནས་གཅེས་འོས་ཀྱི་ཚེ་སྲོག་ཤོར།དེ་དག་ནི་ཁྲིམས་འགལ་གྱི་ཉེས་པ་བསགས་པའི་བྱ་སྤྱོད་ཉག་གཅིག་རེད། །དགེ་བཤེས་ཐུབ་བསྟན་ཕུར་བུས། ཕྱི་ལོ་༢༠༠༨་ལོ་ལ་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅོད་ནས། །ལྷ་བསྟེན་མཁན་གྱི་ཚོང་ཁང་ནང་ཅ་དངོས་ཉོ་མཁན་མེད་པ། །ལས་ཀ་དགོས་མཁན་ལ་ལས་ཀ་མི་རག་པ། །ནད་ཕོག་དུས་སྨན་ཁང་དུ་འགྲོ་ས་མེད་པ། །ཐ་ན་མི་ཤི་དུས་བླ་མ་གདན་རྒྱུ་མི་རག་པ་བྱུང་ཡོད་ཅེས་གསུངས། ཕ་ཡུལ་འདབ་པ་ནི་ཡིན་ལ་སྔ་འཕགས་ཡུལ་སེ་རའི་གྲྭ་བ་ཡིན་པའི་རྒྱགས་པས་གསུང་དོན།ལྷ་བསྟེན་མཁན་ཡིན་པའི་དབང་གིས་༡༩༩༩ལོར་གུས་པ་དང་གྲོགས་པོ་བདུན་ལ་སྦེ་ལོ་ཀོ་པའི་དོན་གཅོད་རྡུང་པའི་མ་ཉེས་ཁག་གཡོགས་བྱས་ནས།ICགཞུང་བསྡུས་བྱེད་པ་མ་ཟད། །༢༠༠༣ ལོའི་ཟླ་༡༠ བར་བཙོན་བཀག་བྱས་བྱུང་ཟེར། །

ཚོགས་ཞུགས་འཐུས་མི་ཡོངས་ཀྱིས་ཤུགས་ལྡན་བསྟེན་མཁན་ཚང་མས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཐོག་ཐུན་མོང་ནས་ད་ལྟའི་དཀའ་ངལ་ལ་གདོང་ལེན་གནང་དགོས་པའི་འབོད་སྐུལ་བྱས་འདུག  །འཐུས་མི་བསོད་ནམས་རྒྱལ་མཚན་གྱིས། །ལྷ་བསྟེན་མཁན་ལ་མཚོན་ན་གལ་ཆེ་གནད་ཆེ་ཞིག་ལ་སླེབས་ཡོད་པས་ཚང་མས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་བ་བྱ་དགོས་ཟེར། །དགེ་བཤེས་བསྟན་འཛིན་དཔལ་མཆོག་གིས། །ལྷ་བསྟེན་གསོལ་བཀག་པས་བོད་པ་ནང་ཁུལ་ཁ་བྲལ་དང་དགེ་ལུགས་ཁ་བྲལ་གཏོང་པ་རེད། །ང་ཚོ་ནང་ཁུལ་ལ་མཐུན་ལམ་དགོས། །བསྟན་པ་དང་མི་རིགས་མཐུན་སྒྲིལ་ལ་ཕན་པའི་ལས་ཀ་སྒྲུབ་དགོས་ཟེར། །བོད་གངས་ཅན་ལྗོངས་ནས་ཐོན་པའི་ཁམས་ཕྱག་ཕྲེང་ཚོགས་པའི་འཐུས་མི་ཞིག་གིས། རྒྱ་ནག་རྒྱལ་ཁབ་ནང་ལ་ཤུགས་ལྡན་ཚོགས་པ་ལྔ་བཅུ་ང་བཞི་ཡོད། །རྒྱ་ནག་གི་རྩ་ཁྲིམས་ནང་ཆོས་དད་རང་མོས་ཡིན།རྡ་ས་ནས་བཀྲུག་བཤིག་མང་པོ་བརྒྱགས་པ་རེད། །ཡིན་ན་ཡང་ཕྱག་ཕྲེང་ནང་ལ་ཤུགས་རྐྱེན་ཆེ་པོ་གང་ཡང་ཐེབས་མེད། །ང་ཚོས་རྡོ་རྗེ་སྤུན་གྲོགས་ཡོངས་རྫོགས་དང་འབྲེལ་གཏུག་དང་མཐུན་སྒྲིལ་བྱེད་ནས་མཉམ་དུ་ཏཱ་ལའི་དང་རྡ་སའི་སྒྲིག་འཛུགས་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཟེར། །

འཛམ་གླིང་ཡུལ་གྲུ་ཁག་ནས་ཡོང་བའི་རྒྱལ་ཆེན་ཤུགས་ལྡན་མང་ཚོགས་ཀྱི་འཐུས་མི་རྣམ་པས་ཛ་དྲག་ངང་ཏཱ་ལའི་བླ་མས་ཤུགས་ལྡན་བཀག་མཚམས་འཇོག་དགོས་ལ། །ཤུགས་ལྡན་བསྟེན་གསོལ་བཀག་པའི་བཀའ་དགོངས་ཡར་བསྡུས་ནས་ཤུགས་ལྡན་ཚོགས་ཁག་ལ་དགོངས་དག་ཞུ་ནས་ཆོས་དད་རང་མོས་སླར་གསོ་བྱེད་དགོས་པའི་འབོད་སྐུལ་ཞུས་པ་རེད། །ཚོགས་འདུའི་ཐོག་ནང་ཁུལ་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱགས་ནས་འཛམ་གླིང་ས་ཕྱོགས་ཁག་གི་རྡོ་རྗེ་སྤུན་གྲོགས་གོང་པོ་གཅིག་ཏུ་དྲིལ་པ། །བོད་ཀྱི་རིག་གནས་དང་སྐད་ཡིག་སློབ་སྦྱོང་ཐད་ཤུགས་སྣོན་བརྒྱགས་ནས་མི་རབས་རྗེས་མས་ཆོས་བརྒྱུད་རྒྱུན་འཛིན་ཐུབ་པར་འགན་ལེན་དང་། །དྲྭ་རྒྱ་བརྒྱུད་ནས་བདེན་པ་ར་སྤྲོད་ཀྱི་ལས་འགུལ་དྲིལ་བསྒྲགས་རྒྱ་ཆེར་བཏང་ནས་རྒྱལ་སྤྱིའི་དོ་སྣང་ཇེ་ཆེར་འགྲོ་བ་བྱ་རྒྱུ།ཚོགས་འདུའི་གྲོས་ཆོད་ཁག་ལག་བསྟར་ཡོང་བར་ཤུགས་སྣོན་བརྒྱགས་ནས་ཏཱ་ལའི་་བླ་མ་ལ་ངོ་རྒོལ་མུ་མཐུད་བྱེད་པའི་སེམས་ཤུགས་གཏོན་དགོས་པ་བཅས་དོན་ཚན་ཁག་བཞི་ཡི་ཐད་གྲོས་འཆམ་བྱུང་འདུག །

དེ་མིན། །འཛམ་གླིང་རྒྱལ་ཡོངས་ཤུགས་ལྡན་འཐུས་མི་ཚོགས་ཆེན་སྐབས་གཉིས་པ་ཕྱི་ལོ་༢༠༡༨་ལོར་ཚོགས་འཆར་བྱ་འདུག་ལ། །དེ་དུས་འཐུས་མི་དེ་བས་མང་ཙམ་ཞུགས་ངེས་རེད། །

Please support this website by making a donation.
Your contribution goes towards supporting
our work to spread Dorje Shugden across the world.
རྩོམ་བྲིས་མཉམ་སྤྱོད།
རྩོམ་བྲིས་མཉམ་སྤྱོད།
ཁྱེད་རེའི་འགྲེལ་བརྗོད་འདིར་འབུལ།

Please enter your name

Please enter a valid email address

Please enter your message

Show More
Show More
+

(Allowed file types: jpg, jpeg, gif, png, maximum file size: 10MB each)

You can now upload MP4 videos to the comments section. "Choose File" -> click "Upload" then wait while your video is processed. Then copy the link and paste it into the message box. Your video will appear after you submit your comment.
Maximum size is 64MB

རྡོ་རྗེ་ཤུགས་ལྡན་དང་ཏྭ་ལའི་བླ་མ་མཐུན་མོངས་ནས་ནང་ཆོས་དར་སྤེལ་ཞུས་བ། | Terms of Use | Disclaimer

© DorjeShugden.com 2024 | All Rights Reserved
མཁྱོན་བསྡོམས་དྲ་བ་གཟིགས་པོ།666